མདུན་ཤོག    > རྩོམ་རིག > ཕུལ་བྱུང་འགྱུར་རྩོམ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་པའི་ནང་ཐོན་པའི་ནུས་པ་དང་འཕེལ་ཕྱོགས།

བོད་རིགས་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དུ་ལོ་རྒྱུས་ཡུན་རིང་བ་དང་།ཁྱད་ཆོས་གསལ་བ།ནང་དོན་འཐུས་ཚང་།རྣམ་མང་འོད་འབར་བའི་རིག་གནས་གསར་སྐྲུན་བྱས་ཤིང་།དེའི་ནང་དུ་སྐད་དང་ཡི་གེ ཆོས་ལུགས་ཀྱི་གསུང་རབ།ལོ་རྒྱུས་ཡིག་ཆ།གཏན་ཚིགས་རིག་པ།གནམ་དཔྱད་དང་སྐར་རྩིས་རིག་པ།རིག་གནས་སློབ་གསོ།གསོ་རིག་འཕྲོད་བསྟེན།མཚན་ཉིད་རིག་པ།རྩོམ་རིག་སྒྱུ་རྩལ།མི་ཆོས་ཀུན་སྤྱོད་སོགས་འདུས་ཡོད།འདི་རྣམས་བརྗོད་བྱའི་སྒོ་ནས་བོད་ཀྱི་སྲོལ་རྒྱུན་གྱི་དབྱེ་ཚུལ་ལ་བལྟས་ན།སྙན་ངག་དང་མངོན་བརྗོད།ཟློས་གར་དང་སྐར་རྩིས།སྡེབ་སྦྱོར་བཅས་རིག་གནས་ཆུང་བ་ལྔར་དབྱེའོ།འདི་དག་ནི་བོད་མི་རིགས་ཀྱི་བསམ་པའི་ལོངས་སྤྱོད་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད།འགྲོ་བ་མིའི་རིགས་ཀྱི་ཤུལ་བཞག་རིག་གནས་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན་ནོ།དེ་བས་ང་ཚོས་དུས་ནམ་ཡིན་རུང་བློ་བརྟན་འགྱུར་མེད་ཀྱིས་རིན་ཐང་བྲལ་བའི་རྒྱུ་ནོར་འདི་དག་རྒྱུན་འཛིན་དང་གཅིག་གི་དུས་རབས་གསར་པ་དང་དེང་རབས་ཅན་དུ་སླེབས་པར་འདོད་ན།རང་འགུལ་གྱིས་མི་རིགས་དང་ས་ཁུལ་རང་གི་གནས་ཚུལ་དངོས་དང་བསྟུན་ནས་གང་མྱུར་སྒོ་ནས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་གཉིས་ཟུང་འབྲེལ་དང་རྣམ་པ་བསྒྱུར་རྒྱུ་ནི་མི་རིགས་ཤིག་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་ཟིན་ཅིང་།ཡང་ན་འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་ཐུབ་པའི་གནད་དོན་གལ་ཆེན་ཞིག་ཡིན་ཏེ།ཨའོ་གླིང་ནུབ(西欧)དང་འཇར་པན(日本)སིང་ཀ་ཕོར(新加坡)རྣམས་ཀྱིས་ཐབས་ལམ་འདི་སྤྱད་དེ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཕེལ་རྒྱས་བྱུང་མྱོང་བའོ།སྐབས་སུ་བབས་པར་ཁོ་བོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་པའི་ནང་ཐོན་པའི་ནུས་པ་དང་འཕེལ་ཕྱོགས་ཀྱི་ཐད་ལྟ་ཚུལ་ཁ་ཤས་རྣམ་པ་ཚོ་ལ་དཔྱད་གཞིར་འབུལ་རྒྱུ་ཡིན།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས།
དང་པོ།བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་རིམ་དང་ཁྱད་ཆོས།
བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་བོན་ཆོས་རིག་གནས་རྨང་གཞི་དང་རྩ་བ་བྱས་པའི་སྟེང་།ཕྱི་ནས་འོངས་པའི་སངས་རྒྱས་ཆོས་ལུགས་རིག་གནས་ཀྱིས་ཁ་སྐོང་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད།སྣེ་ཁྲིད་ཀྱི་ནུས་པ་བཏོན་པའི་ལོ་རྒྱུས་རིང་ཞིང་རྣམ་པ་མང་བ།ནང་དོན་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་མངོན་པར་གསལ་བའི་གངས་ལྗོངས་རིག་གནས་དེར་ཟེར།འདིའི་འཕེལ་རྒྱས་ནི་ཆེས་གནའ་རབས་དང་གནའ་རབས།ཉེ་རབས་དང་དེང་རབས་བཅས་ཀྱི་སྤྱི་ཚོགས་རིམ་པ་བརྒྱུད་ཅིང་།དེ་ནི་ཤེས་རིག་དང་བླུན་རྨོངས།རང་གསོས་དང་ཕྱི་ཡོང་།འཕེལ་རྒྱས་དང་མཁྲེགས་འཛིན།སྒོ་འབྱེད་དང་བཀག་སྡོམ།ཡར་རྒྱས་དང་རྙིང་ཞེན།སྔོན་ཐོན་དང་རྗེས་ལུས།འཕེལ་བ་དང་སོར་གནས།བསྡུ་ལེན་དང་ཕྱིར་འབུད།རྒྱུན་འཛིན་དང་ཕོག་ཐུག  ཉམས་པ་གསོ་བ་སོགས་ཀྱི་འཐབ་རྩོད་ཁྲོད་བྱུང་བ་ཡིན།མདོར་ན།བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་ཐུན་མོང་རང་བཞིན་ལྡན་པའི་ཁྱད་ཆོས་ཡོད་པ་ཕུད་ཁར།དེ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་ཏེ།མི་རིགས་དང་།ས་ཁུལ།སྣ་མང་།བརྟན་བརླིང་།ཕྱིར་འབུད།སྤྱི་ཚོགས།རྒྱལ་སྤྱི་བཅས་ཀྱི་རང་བཞིན་ལྡན།དེ་བས་ང་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་རྐྱེན་ཆོས་ཉིད་ལ་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་གོང་བསྟན་ཐུན་མིན་གྱི་ཁྱད་ཆོས་བརྒྱད་ལ་ཡིག་འཇོག་ཟབ་མོ་བྱ་དགོས།
གཉིས་པ།བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་བར་གྱི་འབྲེལ་བ།
ཆོས་ལུགས་རིག་གནས་ནི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ།ཆོས་ལུགས་རིག་གནས་མ་ཤེས་ན་བོད་ཀྱི་རིག་གནས་ཕྱོགས་ཡོངས་ནས་རྟོགས་མི་ཐུབ་ཅེས་བཤད་ཆོག དེའི་རྒྱུ་མཚན་ནི་བོན་ཆོས་དང་ནང་བསྟན་གཉིས་ཕལ་ཆེར་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་མ་ཁྱབ་པ་མེད།དེས་བོད་ཀྱི་ལོ་རྒྱུས་སྟེང་ཆབ་སྲིད་དང་།དཔལ་འབྱོར།རིག་གནས།སློབ་གསོ།ཕྱི་འབྲེལ།རྩོམ་རིག སྒྱུ་རྩལ་དང་མི་ཆོས་ཀུན་སྤྱོད།སྤྱི་ཚོགས་ཀྱི་སེམས་ཁམས།བསམ་གཞིགས་བྱེད་སྟངས།རིན་ཐང་ལྟ་ཚུལ་སོགས་ཀྱི་ཕྱོགས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད་པའི་རྐྱེན་གྱིས་སོ།ཆོས་ལུགས་ཀྱི་གསུངས་རབ་མང་པོའི་ནང་དུ་ལོ་རྒྱུས་དང་རྩོམ་རིག མཚན་ཉིད་རིག་པ།གནམ་དཔྱད།སྐར་རྩིས།གསོ་རིག ཨར་ལས།བཟོ་རྩལ།བརྐོས་འབུར།རི་མོ།འཁྲབ་གཞུང་སོགས་ཀྱི་ནང་དོན་འདུས་ཡོད།
མི་ལ་ལའི་བསམ་པར།ཆོས་ལུགས་དང་ཚན་རིག་གཉིས་མེད་དང་ཆུ་འཕྲད་པ་ལྟར་ལྷམ་སྐྱེས་ཀྱི་དགྲ་ཟླར་བཟུང་ནས་དེ་གཉིས་བར་ལ་འདུམ་ཐབས་མེད་པའི་འགལ་བ་གནས་ཡོད་པར་འདོད་མོད།འོན་ཀྱང་དོན་དངོས་ཐོག་དེ་གཉིས་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་དེ།འདིར་མཚོན་དཔེ་ལྔ་ཙམ་བཀོད་པ་ལས།
གཅིག གནའ་དེང་ཕྱི་ནང་གི་ཆོས་ལུགས་པ་མི་ཉུང་བ་ཞིག་གིས་ཚན་རྩལ་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་དེ།དཔེར་ན།ཀོ་པེ་ཉི(哥白尼)དང་།ཅ་ལི་ལེ(伽利略)ཧྭ་ཤང་ཡི་ཤིན(一行和尚)ཀླུ་སྒྲུབ།རྟ་དབྱངས།སྟོན་པ་གཤེན་རབ་མི་བོ་ཆེ།སློབ་དཔོན་པདྨ་འབྱུང་གནས།གཡུ་ཐོག་ཡོན་ཏན་མགོན་པོ།ལོ་ཆེན་རིན་ཆེན་བཟང་པོ།རྔོག་བློ་ལྡན་ཤེས་རབ།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།བུ་སྟོན་རིན་ཆེན་གྲུབ།ས་སྐྱ་ཀུན་རྒྱལ་མཚན།ཙོང་ཁ་པ་བློ་བཟང་གྲགས་པ།རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།སུམ་པ་ཡེ་ཤེས་དཔལ་འབྱོར།སི་ཏུ་པཎ་ཆེན།ཤ་རྫ་བཀྲ་ཤིས་རྒྱལ་མཚན།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་སོ། གཉིས།ཆོས་ལུགས་མི་སྣས་ཆོས་གཞུང་བསྒྱུར་བ་དང་ཆབས་ཅིག་ཏུ།གསོ་རིག་དང་སྐར་རྩིས།བཟོ་རྩལ།མཛེས་རྩལ།རྩོམ་རིག་སྒྱུ་རྩལ་སོགས་ཀྱི་བརྩམས་ཆོས་འབོར་ཆེན་བོད་སྐད་དུ་བསྒྱུར་བས།བོད་ཀྱི་ཚན་རྩལ་དར་རྒྱས་གཏོང་བ་ལ་སྐུལ་འདེད་ཆེན་པོ་ཐེབས་སོ།
གསུམ།བོད་ཀྱི་ཚན་རྩལ་སྐོར་གྱི་རྩོམ་རྙིང་པ་ཡོད་ཚད་ཕལ་ཆེར་བཙུན་པ་དགེ་བཤེས་སོགས་ཆོས་ལུགས་མི་སྣས་བརྩམས་པ་ཁོ་ན་ཡིན་ལ།དེ་ཚོས་བོད་ཀྱི་ཚན་རྩལ་འཕེལ་རྒྱས་གཏོང་བ་ལའང་བྱས་རྗེས་མི་དམན་པ་བཞག་ཡོད།
བཞི།བོན་པོའི་ཆོས་གཞུང་ཁྲོད་ཀྱི་དངོས་པོའི་གཟུགས་ཉིད་སྨྲ་བའི་བསམ་བློ་དང་ཕྱོགས་གཉིས་འགལ་ཟླ་གཅིག་འདུས་ཀྱི་འཇིག་རྟེན་ལྟ་ཚུལ།ནང་བསྟན་ཆོས་གཞུང་ཁྲོད་ཀྱི་རིག་གནས་ཆེ་ཆུང་བཅུ་སོགས་ཚན་རྩལ་གྱི་གྲུབ་འབྲས་ཡིན་པ་ལས་དེར་རྨོངས་དད་དང་ལྐོག་གྱུར་གྱི་ནང་དོན་ཅི་ཡང་མི་ལྡན་ནོ།དེ་བཞིན་དུ་ཚན་རྩལ་གྱི་བརྩམས་ཆོས་ཡོད་ཚད་ཀྱང་ཆོས་གཞུང་དང་མཚུངས་པར་དགོན་པ་དང་ཆོས་ལུགས་མི་སྣས་པར་སྐྲུན་འགྲེམ་སྤེལ་བྱས་པ་ཕལ་ཆེར་ད་བར་སྤྱིའམ་སྒེར་གྱིས་སྤར་ཁང་ངམ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།
ལྔ།སྔོན་བོད་ཀྱི་དགོན་སྡེ་ནི་བོད་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས་བཅས་ཀྱི་ལྟེ་བ་དང་མི་རིགས་རང་གི་ཚད་ལྡན་སློབ་གསོ་ལམ་ལུགས་ཤིག་ཡིན་པའམ་ཆེས་མཐོའི་སློབ་གྲྭ་ཡིན་ཏེ།དེས་ནང་བསྟན་ཆོས་ལུགས་མི་སྣ་སྐྱེད་བསྲིང་བྱས་པར་མ་ཟད།ད་དུང་མཚན་ཉིད་རིག་པ་བ་དང་།ལོ་རྒྱུས་རིག་པ།རྩོམ་རིག་པ།གནམ་དཔྱད་སྐར་རྩིས་རིག་པ་བ།སྐད་དང་ཡི་གེའི་ཆེད་ལས་མཁས་ཅན།གསོ་བ་རིག་པ།སྒྱུ་རྩལ་བ་སོགས་འབོར་ཆེན་སྐྱེད་བསྲིང་བྱས་ཏེ།བོད་མི་རིགས་ཀྱི་ཚན་རིག་རིག་གནས་འཕེལ་རྒྱས་སུ་བཏང་བར་བྱས་རྗེས་ཆེན་པོ་བཞག་ཡོད།ཆོས་ལུགས་རིག་གནས་དང་ཚན་རིག་ལག་རྩལ་གཉིས་ཕན་ཚུན་ཤན་ཤུགས་ཐེབས་རེས་བྱས་པ་དང་།ཕན་ཚུན་བར་ལ་བརྗེ་རེས་དང་འབྲེལ་བ་བྱུང་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྲོལ་རྒྱུན་རིག་གནས་ཤིག་གྲུབ་པས་སྐབས་དེར།ཆོས་ལུགས་ཀྱིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ད་མདུན་སྐྱོད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་དོ།
འོན་ཀྱང་།འདིར་གསལ་བཤད་བྱ་དགོས་པ་ཞིག་ནི།ཆོས་ལུགས་དང་བོད་ཀྱི་རིག་གནས་གཉིས་གཅིག་མཚུངས་མིན་ཏེ།མི་ལ་ལས་བོད་ཀྱི་རིག་གནས་ཡིན་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡིན་པ་དང་།ཆོས་ལུགས་ལ་ཡང་བོད་ཀྱི་རིག་གནས་ཆ་ཚང་ཡོད་པའི་ལྟ་བ་བཟུང་།ལྟ་བ་དེ་འདྲ་འཛིན་མཁན་དེ་ལ་བོད་ཀྱི་རིག་གནས་ལ་ཤེས་རྟོགས་མེད་པའི་རྟགས་མཚན་ཞིག་ཡིན་པས།དེས་མི་མང་པོར་གོ་བ་ལོག་པ་ཐེབས་ཡོད།སྲོལ་རྒྱུན་གྱི་དབྱེ་བའི་རིག་པའི་གནས་བཅུའི་ཁྲོད་དུ་ནང་དོན་རིག་པ་ནི།ཐུན་མིན་ཏེ་ཆོས་ལུགས་ཀྱི་རིག་པའི་གྲས་སུ་བཞག་པ་སྟེ་དོན་གཉེར་བྱ་ཡུལ་ནི་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་གཙོ་འཛིན།གཞན་བཟོ་གསོ་སྒྲ་ཚད་དང་།སྙན་ངག་དང་།སྡེབ་སྦྱོར།མངོན་བརྗོད།སྐར་རྩིས།ཟློས་གར་བཅས་ཐུན་མོང་སྟེ་མི་སྤྱི་བྱིངས་ཀྱི་རིག་གནས་ཡིན་ཞིང་།སྐྱ་སེར་སོགས་རིས་མེད་སྐྱེ་བོས་སྦྱང་ཆོག་ལ་སྦྱང་དགོས་པའི་གྲས་སུ་བཞག་པ་སྟེ་སྤྱི་ཚོགས་ཀྱི་བྱ་འགུལ་དང་འཕེལ་རྒྱས་ལ་མཁོ་བའི་ནུས་རྩལ་ལོ།དེའང་ཆོས་ལུགས་དང་བོད་ཀྱི་རིག་གནས་བར་དབྱེ་ཐབས་བྲལ་བའི་འབྲེལ་བ་ཡོད་པའི་རྒྱུ་མཚན་ནི།དབང་སྒྱུར་གྲལ་རིམ་གྱི་དབྱེ་ལས་ཀྱི་ནུས་པས་བོད་ཀྱི་རིག་གནས་གོང་འཕེལ་དང་།རྒྱུན་འཛིན།ཁྱབ་སྤེལ་བཏང་བ་ཆོས་ལུགས་ཀྱི་འདྲེན་བྱེད་དང་མཚམས་སྦྱོར་བྱེད་བྱས་ནས་མངོན་འགྱུར་བྱུང་བ་དང་།བོད་ཀྱི་ལོ་རྒྱུས་སྟེང་དུས་རབས་བར་མའི་ཨའོ་གླིང་ལྟ་བུའི་ཆོས་ལུགས་དང་རིག་གནས་བར་འབྲེལ་བྲལ་གྱི་རིག་རྩལ་བསྐྱར་དར་ཞེས་པའི་ལས་འགུལ་བྱུང་མྱོང་མེད་པས་སོ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་གསར་པའི་ནང་གི་དགེ་མཚན་ལྡན་པའི་ནུས་པ།
དང་པོ།ཕུལ་དུ་བྱུང་བའི་མི་ཆོས་ཀུན་སྤྱོད།
བོད་རིགས་ནི་སྤྱོད་ལམ་ཤིན་ཏུ་བཟང་པོ་དང་ལྡན་པའི་མི་རིགས་ཤིག་ཡིན།བྱམས་དང་སྙིང་རྗེ་ལྡན་པ།མཁས་ལ་བཀུར་ཞིང་ཕུ་དུད་ཆེ་བ།རྒྱལ་ཁྲིམས་བཀུར་ཞིང་བཀའ་ལ་བརྩི་བ་ཤ་སྟག་ཡིན་ལ།ལྷག་པར་དུ་ཆོས་ལུགས་རིག་གནས་དེ་ཐུན་མོང་མ་ཡིན་པའི་ནུས་པ་ཆེན་པོ་ཞིག་དང་།སིམ་འཛུལ་གྱི་སྟོབས་ཤུགས་ཆེན་པོ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་དང་སྤྱི་ཚོགས་སེམས་ཁམས་ལ་འདྲེས་ཤིང་།ཆོས་ལུགས་ཀྱི་འཛེམ་བྱ་དང་འཇིག་བརྟེན་མི་ཆོས།བོད་རིགས་ཀྱི་མི་ཆོས་ཀུན་སྤྱོད་དང་།ཡུལ་སྲོལ་གོམས་གཤིས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ནས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཚད་གཞི་ཅན་དུ་བྱས་པས།སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་བརྟན་བརླིང་གི་བྱེད་ནུས་ཆེན་པོ་ཐོན།འདིས་མི་རྣམས་ལ་ཚད་ལྡན་སྤྱོད་ལམ་དང་རིན་ཐང་ལྟ་ཚུལ་ཆ་ཚང་ཞིག་བསྟན་ནས།མི་རྣམས་ཀྱིས་བདེན་པ་གཞུང་དྲང་དང་།འདོད་ཞེན་སྐྱུང་བ།ཆེར་བཀུར་ཆུར་བྱམས།དགེ་རྒན་ལ་བསྙེན་བཀུར།ཁེངས་སྐྱུར་གཞན་བཀུར།ཕོ་མོ་འདྲ་མཉམ།མཐོ་དམན་འདྲ་མཉམ།བརྩོན་བསྲུས་ཁྱིམ་སྐྱོང་།བཙན་པོའི་མགོ་གནོན་དང་ཉམ་ཆུང་གི་མགོན་སྐྱབས།གཞན་ཕན་གྱི་ལས་ལ་མོས་པ།སྒྲིག་ཁྲིམས་བརྩི་སྲུང་།སེམས་ཅན་ལ་བརྩེ་བ།ཁོར་ཡུག་སྲུང་སྐྱོབ་སོགས་བྱེད་དགོས་པའི་བླང་བྱ་བཏོན་ནས།བདེན་དྲང་དང་བསམ་པ་དཀར་བ་བཅས།ཀུན་སྤྱོད་མཛེས་པ་རྣམས་དར་སྤེལ་དང་།གཡོ་རྫུན་དང་བསམ་སྤྱོད་ངན་པ།ཀུན་སྤྱོད་མི་ལེགས་པ་རྣམས་བཀག་འགོག་བྱེད་བཞིན་ཡོད་དེ།དཔེར་ན་སྤྱི་ལོའི་དུས་རབས་བདུན་པར་བཟོས་པའི་དགེ་བ་བཅུའི་ཁྲིམས་དང་ནུ་བོ་ལ་གདམས་པའི་མདོ།ཕྱིས་ཀྱི་ས་སྐྱ་ལེགས་བཤད་དང་ཆུ་ཤིང་བསྟན་བཅོས།རྒྱལ་པོ་དང་།བློན་པོ།བཙུན་མོའི་བཀའི་ཐང་ཡིག་སོགས་མི་ཆོས་ཀུན་སྤྱོད་ཀྱི་ཆེད་རྩོམ་དག་ལགས་གསལ་པོ་གསུངས་པ་བཞིན་ནོ།བོད་རིགས་ཀྱི་ཀུན་སྤྱོད་དང་།སྤྱོད་ལམ་གྱི་ཚད་གཞི་འདི་དག་ནི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ལ་རེ་སྙེག་བྱེད་པའི་ཀུན་སྤྱོད་ཐད་ཀྱི་ལྟ་ཚུལ་ཤ་སྟག་ཡིན་པས།སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་དགོས་ངེས་ཀྱི་ནང་དོན་འབའ་ཞིག་ལྡན་ནོ།  གཉིས་པ།བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་ཐབས་ཀྱི་གཞུང་ལུགས། ལོ་ངོ་བཞི་སྟོང་ཡར་སྔོན་གྱི་གདོད་མའི་ཚོ་ཁག་དུས་སྐབས་ནས་བཟུང་རུས་རྒྱུད་དང་ཚོ་ཁག་བར་དང་།རུས་རྒྱུད་དང་རུས་རྒྱུད་བར།ཚོ་ཁག་དང་ཚོ་ཁག་ཕན་ཚུན་བར་བཅས་གང་གི་སྐབས་སུའང་མིའི་བར་གྱི་འབྲེལ་ལུགས་སྤྱོད་ལམ་དང་།མི་དང་མིའི་བར་གྱི་ཀུན་སྤྱོད་ཚད་གཞི་དེ་ནང་དོན་གཙོ་བོ་ཡིན་པའི་གོམས་གཤིས་ཀྱི་ཁྲིམས་སྲོལ་བྱུང་ཡོད།  བོད་གནའ་རབས་བཙན་པོའི་རྒྱལ་རབས་འགོ་བརྩམས་པ་ནས་བཟུང་ཁྲིམས་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་ཡོད་དེ།ཕལ་ཆེར་སྤྱི་ལོའི་དུས་རབས་དྲུག་པ་དང་བདུན་པ་བཙན་པོ་གནམ་རི་སྲོལ་བཙན་དང་སྲོང་བཙན་སྒམ་པོ་ཡབ་སྲས་ཀྱི་སྲིད་དབང་འཛིན་པའི་སྐབས་སུ།བོད་ཀྱི་ཁྲིམས་ལུགས་དེ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཏེ།སྔ་རྗེས་སུ་ཁྲིམས་ལུགས་ཆེན་པོ་སོ་དྲུག་རྨང་གཞི་བྱས་ཏེ་སྲིད་འཛིན་གྱི་ཁྲིམས་ལུགས་དང་རྩ་འཛུགས་ཀྱི་ཁྲིམས་ལུགས།ཉེས་ཁྲིམས།དམངས་དོན་ཁྲིམས་ལུགས།དམག་དོན་ཁྲིམས་ལུགས།གཞན་པའི་ཁྲིམས་ལུགས་སོགས་གཏན་འབེབས་བྱས་སོ།།འདིའི་རྗེས་སུ་ཕག་གྲུ་གོང་མ་དང་།གཙང་པ་རྒྱལ་པོ།དགའ་ལྡན་ཕོ་བྲང་སོགས་ས་གནས་སྲིད་གཞུང་གིས་སྔོན་རྗེས་སུ་ཞལ་ལྕེ་བཅུ་གསུམ་དང་།ཞལ་ལྕེ་བཅོ་ལྔ།ཞལ་ལྕེ་བཅུ་དྲུག ཞལ་ལྕེ་བཅུ་གཉིས།བདེན་རྫུན་ཤན་འབྱེད་ཞལ་ལྕེ་ཉེར་གཅིག་སོགས་ཁྲིམས་ལུགས་མང་པོ་གཏན་དུ་ཕབ་སོ།།འདིས་བོད་མི་རིགས་འདིར་བརྩི་སྲུང་བྱ་བའི་ཁྲིམས་དང་ལྡན་ཞིང་ཁྲིམས་འགལ་རིགས་ལ་ཐག་གཅོད་ནན་མོ་བྱ་བ།སྲིད་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་མི་རིགས་ཤིག་ཡིན་པ་གསལ་པོར་མཚོན་པར་མ་ཟད།དེ་དང་མཉམ་དུ་བོད་རིགས་ཀྱི་ཁྲིམས་འཛུགས་སྐྲུན་བྱ་བ་ལ་བྱས་རྗེས་བཞག་ཡོད་པ་རེད།བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྲིམས་ལུགས་ལ་བསྟས་ན།དེའི་སྙིང་བཅུད་མང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་འོས།དེས་མི་རྣམས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་སྤྱི་ཚོགས་ཁྲིམས་ལུགས་འདུ་ཤེས།དེ་མིན་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བར་ཤུགས་སྣོན་བྱེད་པར་དཔེ་མཚོན་གྱི་ནུས་པ་ཐོན་ཐུབ་ལ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་འཛུགས་སྐྲུན་ལའང་ཕན་ངེས་པའོ། གསུམ་པ།བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ་ཀྱི་མི་རིགས་སྙིང་སྟོབས།  བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ།ཡར་རྒྱས་འབད་བརྩོན་གྱི་མི་རིགས་སྙིང་སྟོབས་ཡོད་དེ།དཔེར་ན།བོད་ཀྱི་རྩོམ་རིག་གྲགས་ཅན་དེ།དཔའ་བོའི་ལོ་རྒྱུས་གེ་སར་རྒྱལ་པོའི་སྒྲུང་ནང་མི་རིགས་དཔའ་བོ་རྣམས་ཀྱིས་གདོན་འདྲེ་འདུལ་བ་དང་།བཙན་པོའི་ཁ་གནོན་དང་གཉམ་ཆུང་གི་འདབས་སྐྱོང་།ཚེ་སྲོག་གཅེས་སྲུང་།བོད་རིགས་མི་དམངས་ཀྱི་སྣེ་ཁྲིད་དང་ལྷོ་འདུལ་བྱང་འཐབ་བྱས་ཏེ།ཁྲག་གཏོང་དམར་འཛིང་གིས་མི་དམངས་ཀྱི་གནོད་འཚེ་འགོག་ཅིང་།རང་ཡུལ་དང་མི་དམངས་སྲུང་སྐྱོང་བྱས་པ་སོགས་ལས་ངོ་འཚར་བའི་འདུན་པ་དང་སེམས་ཤུགས་མངོན་ནོ།།   དུས་རབས་གསར་པའི་ནང་རང་རྒྱལ་སྔར་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲལ་ཡིན་པ་དང་།བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས་ད་རུང་དབུལ་ཕོངས་རྗེས་ལུས་ཀྱི་ཚད་རིམ་ན་ཡོད་པས།ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དུས་སྐབས་བཟང་པོ་དམ་འཛིན་སྒོས་དབུལ་ཕོངས་རྗེས་ལུས་ཀྱི་ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་མདུན་བསུས་ཏེ་ངེས་པར་དུ་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ།ཡར་རྒྱས་འབད་བརྩོན་གྱི་སྙིང་སྟོབས་དེ་དར་སྤེལ་གཏོང་དགོས།  བཞི་པ།བརྗོད་བྱ་ལེགས་ཞིང་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་ཕུལ་བྱུང་བརྩམས་ཆོས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་ཕུལ་དུ་བྱུང་བའི་རྩོམ་རིག་སྒྱུ་རྩལ་མང་པོ་ཡོད་ལ།དེ་ནི་བོད་རིགས་མི་དམངས་ཀྱིས་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་གོ་རིམ་ནང་འཚོ་བའི་གདོང་རིས་ངོ་མར་བརྟེན་ནས་གསར་བཟོ་བྱས་པའི་རྩོམ་རིག་གི་བརྩམས་ཆོས་ཡིན་ཏེ།དཔེར་ན་བོད་ཀྱི་ལྷ་མོའི་ཟློས་གར་ཆེན་པོ་བརྒྱད་པོའི་བརྗོད་བྱའི་རྒྱུ་ཆ་རྣམས་ངོ་མཚར་བའི་ལྷ་སྒྲུང་ལས་བླངས་པ་ལྟ་བུའོ།།  རྒྱ་བཟའ་དང་བལ་བཟའ་ཞེས་པས་བོད་རྒྱ་དང་བོད་བལ་བར་གྱི་གཉེན་འབྲེལ་བརྒྱུད་མཛའ་མཐུན་མཉམ་གནས་བྱུང་བའི་མི་རིགས་འབྲེལ་བར་བསྔགས་བརྗོད་དང་།ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ལ་བསྟོད་བསྔགས་བྱས་ཡོད་པ།དཔེར་ན་རྒྱལ་བུ་དྲི་མེད་ཀུན་ལྡན་ཞེས་པ་ལས་རང་ཕུང་གཞན་སྐྱོབ་བྱེད་པའི་དྲི་མེད་ཀུན་ལྡན་གྱི་སྣང་བརྙན་གསར་བཞེངས་བྱས་པ་དང་།ཆོས་རྒྱལ་ནོར་བཟང་ཞེས་པ་དང་གཟུགས་ཀྱི་ཉི་མ་ཞེས་པ།འགྲོ་བ་བཟང་མོ་ཞེས་པ།པད་མ་འོད་འབར་ཞེས་པ་སོགས་ལས་དགེ་སྤེལ་སྐྱོན་སྤོང་།ལེགས་སྤེལ་ཉེས་འགོག་བཅས་ཀྱི་བསམ་བློ་བསྟན་ཡོད།གཞན་ཡང་བོད་ཀྱི་སྒྲུང་གཏམ་རིང་གྲས་གཞོན་ནུ་ཟླ་མེད་ཅེས་པ་དང་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཅེས་པ།མི་རོ་རྩེ་སྒྲུང་ཞེས་པ་དང་དམངས་ཁྲོད་རྩོམ་རིག་ཨ་ཁུ་བསྟན་པ་ཞེས་པ།གཏམ་པད་མའི་ཚལ་གྱི་ཟློས་གར་ཞེས་པ་དང་།བྱ་སྤྲེལ་གཏམ་རྒྱུད་ཅེས་པ་རྣམས་ཀྱི་བརྗོད་བྱ་ནི་སྤྱོད་བཟང་དར་སྤེལ་དང་ངནག་པ་ལ་ཁྲིམས་གཅོད།བདེན་དྲངས་བསམ་དཀར་དང་ཀུན་སྤྱོད་མཛེས་པ་བཅས་དར་སྤེལ་དང་།གཡོ་རྫུན་བསམ་སྦྱོར་ངན་པ་ཀུན་སྤྱོད་མཛེས་པ་བཅས་དར་སྤེལ་དང་།གཡོ་རྫུན་བསམ་སྦྱོར་ངན་པ་ཀུན་སྤྱོད་ཐ་ཤལ་རྣམས་བཀག་འགོག་བྱེད་པའི་ནང་དོན་ལེགས་པོ་ཡར་ཐོན་གཏོང་བའི་བརྩམས་ཆོས་ལེགས་ཤོས་ཤ་སྟག་ཡིན།དེ་བས་ད་ལྟའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ།བོད་ཀྱི་རྩོམ་རིག་གི་བརྩམས་ཆོས་ཀྱིས་ཐད་ཀར་སྐུལ་སྤེལ་གྱི་ནུས་པ་ཐོན་ཐུབ་བོ།
 ལྔ་པ།སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྔོན་ཐོན་གྱི་ཚན་རིག་ལག་རྩལ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཚན་རྩལ་རིག་གནས་ནི།བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཡིན་ལ།དེར་དུས་ཡུན་རིང་མོའི་ལོ་རྒྱུས་ཡོད་ཅིང་དེ་ད་ལྟའི་བར་དུ་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་གཙོ་བོ་དང་།བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐུལ་འདེད་ཀྱི་ནུས་ཤུགས་ཆེན་པོ་འདོན་པ།མུ་མཐུད་དུ་ལྐོག་གྱུར་རིང་ལུགས་ལ་དགག་པ་རྒྱག་པའི་རིག་གནས་ཀྱི་འཕེལ་ཕྱོགས་གཙོ་བོ་བཅས་ཡིན།ཚན་རིག་རྗེས་དཔག་ཏུ་གྱུར་པའི་མཚན་ཉིད་རིག་པའི་བསམ་བློ་ནི་ལོ་ལྔ་སྟོང་ལྷག་གི་སྔོན་གྱི་ལྷ་སྒྲུང་དུས་རབས་བར་ལ་ཡར་འདེད་ཐུབ་སྟེ།སྐབས་དེར་སྒོ་ང་ལས་འཇིག་རྟེན་གྲོལ་བ་དང་།སྤྲ་མི་ལས་མི་མཆེད་པ།ནས་འབྲུག་སྔོན་པོའི་འཁྲུངས་རབས་སོགས་མཚན་ཉིད་རིག་པའི་བསམ་བློ་བྱུང་ཟིན་ལ།དངོས་པོའི་འཇིག་རྟེན་ལ་ཉམས་མྱོང་སྟེང་བསམ་གཞིག་བྱེད་པའི་རྣམ་པ་དང་སྣང་ཚུལ་ལ་བརྟེན་ནས་དངོས་པོའི་ངོ་བོ་ཤེས་རྟོགས་བྱེད་པའི་བློ་རིག་བྱུང་ཡོད་དོ
 ལེ་ཚན་སྔོན་མ།:མཛའ་མོ།
 ལེ་ཚན་རྗེས་མ།:སེང་ཆེན་གྱིས་བསྒྱུར་བའི་སྙན་ངག་འགའ།
རྒྱབ་སྐྱོར།།
( )
%
མོས་མཐུན་མེད།
( )
%
 
 
 འཇིག་རྟེན་རིལ་མོ་འམ་ཟླུམ་པོ།
 སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གལ་ཆ
 བོད་ཀྱི་གླུ་གར་ལས་བྱུང་བའི་སློབ་གསོའི་
 ཡུན་ནན་དུ་གྲངས་ཉུང་མི་རིགས་ཀྱི་སློབ་ཆུ
 མཚོ་ལྷོ་ཁུལ་གྱིས་བོད་ཡིག་འཚོལ་བཤེར་མ་ལ
 འབའ་ཐང་རྫོང་གིས་ལྗོངས་རྒྱུ་ལས་སྒྲུབ་མི
 ལི་ཐང་རྫོང་གིས་ལྗོངས་རྒྱུ་ཞབས་ཞུའི་ནུས
 རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་
  འབྱུང་འགྱུར་ལོ3ནང་འགྲིམ་འགྲུལ་ཐད་མ་དང
 ཡེ་ཤེས་ཟླ་བས་སྡེ་རོང་རྫོང་གི་ས་འགུལ་ཡོ
 དར་མདོ་རྫོང་ནང་བསྟན་མཐུན་ཚོགས་སྐབས་བདུ
 ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་
 མེ་ཏོག་རྫོང་གི་གནས་སྐོར་ལས་རིགས་ལ་འཕེལ
 ལྷོ་ཁ་ས་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་གི་
 དར་ལག་རྫོང་གིས་ཕྱོགས་མང་པོ་ནས་མ་དངུལ་བ
 འཇིག་རྟེན་རིལ་མོ་འམ་ཟླུམ་པོ།
 སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གལ་ཆ
 བོད་ཀྱི་གླུ་གར་ལས་བྱུང་བའི་སློབ་གསོའི་
 ཡུན་ནན་དུ་གྲངས་ཉུང་མི་རིགས་ཀྱི་སློབ་ཆུ
 མཚོ་ལྷོ་ཁུལ་གྱིས་བོད་ཡིག་འཚོལ་བཤེར་མ་ལ
 འབའ་ཐང་རྫོང་གིས་ལྗོངས་རྒྱུ་ལས་སྒྲུབ་མི
 ལི་ཐང་རྫོང་གིས་ལྗོངས་རྒྱུ་ཞབས་ཞུའི་ནུས
 རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་
  འབྱུང་འགྱུར་ལོ3ནང་འགྲིམ་འགྲུལ་ཐད་མ་དང
 ཡེ་ཤེས་ཟླ་བས་སྡེ་རོང་རྫོང་གི་ས་འགུལ་ཡོ
 དར་མདོ་རྫོང་ནང་བསྟན་མཐུན་ཚོགས་སྐབས་བདུ
 ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་
 མེ་ཏོག་རྫོང་གི་གནས་སྐོར་ལས་རིགས་ལ་འཕེལ
 ལྷོ་ཁ་ས་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་གི་
 དར་ལག་རྫོང་གིས་ཕྱོགས་མང་པོ་ནས་མ་དངུལ་བ
Copyright @ 2010 kbcmw.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ནི་ཁམས་པའི་གསར་འགྱུར་དྲ་ཚིགས་ལ་དབང་བས་གང་མོས་ཀྱིས་བཀོལ་སྤྱོད་མི་བྱེད་པར་མཁྱེན།
འབྲེལ་གཏུག་བྱ་ཡུལ།དཀར་མཛེས་ཁུལ་དར་མདོ་རྫོང་འོད་གསལ་ལམ་ཁམས་པའི་བོད་ཡིག་ཚགས་པར་ཁང་།
གློག་འཕྲིན་ཡིག་སྒམ། :kbacmw@163.com ཁ་པར།:86836-2835733 蜀ICP备08005120号
   雅韵科技