མདུན་ཤོག    > རྩོམ་རིག > རིག་རྩལ་དཔྱད་རྩོམ།
བརྩམས་སྒྲུང་སྐོར་གླེང་བ།
བདུད་ལྷ་རྒྱལ། 2011ལོའི་ཟླ 08ཚེས 09ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
བརྩམས་སྒྲུང་ཞེས་པའི་ཐ་སྙད་འདི་བོད་ལ་ཐོན་འཕྱི་སྟེ། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་པའི་ནང་གཟོད་བྱུང་བ་རེད། དེ་བས་ད་ལྟ་ཡང་བོད་ཁུལ་དུ་ཐ་སྙད་འདིར་གཅིག་གྱུར་བྱུང་མེད། མཚོ་སྔོན་ཕྱོགས་ནས་སྒྲུང་གཏམ་ཟེར་ལ། ལྷ་སའི་ཕྱོགས་ནས་བརྩམས་སྒྲུང་ངམ་ཡང་ན་སྒྲུང་རྩོམ་ཟེར། ཕྱི་ཕྱོགས་ནས་བརྩམས་སྒྲུང་ཟེར། དུས་རབས་ཉི་ཤུ་བའི་ཡན་ན་བོད་དུ་བརྩམས་སྒྲུང་དང་རིགས་འདྲའི་རྩོམ་ལུས་ལ<<ནོར་བཟང་གི་རྣམ་ཐར>>ལྟ་བུའི་རྣམ་ཐར་ཆེན་མོ་བརྒྱད་དང། <<བྱ་སྤྲེལ་གཏམ་རྒྱུད་>>རབ་རྟོག་བརྩམས་སྒྲུང་དང་། <<གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད>>ལྟ་བུའི་གཏམ་རྒྱུད་བརྩམས་སྒྲུང་དང་། <<མི་ལ་རས་པའི་རྣམ་ཐར>>ལྟ་བུའི་རྣམ་ཐར་བརྩམས་སྒྲུང་ཡོད་ཀྱང་། འདི་ཐམས་ཅད་བོད་སྔ་མའི་རྩོམ་རིག་གཞུང་ལུགས་ཀྱིས་རིགས་གཅིག་བསྡུས་མེད་ལ། དེ་བས་ཀྱང་དེ་དག་ལ་གཅིག་གྱུར་གྱི་མིང་ཞིག་གདགས་མེད། བརྩམས་སྒྲུང་གསར་བ་བོད་ལ་དར་བ་ནས་བཟུང་བོད་ཀྱི་རྩོམ་རིག་སྨྲ་བ་དག་གིས་བརྩམས་སྒྲུང་གསར་བ་ལ་རིགས་འགྲེས་ཀྱིས་གོང་གི་གནའ་རྩོམ་དེ་དག་བརྩམས་སྒྲུང་གི་གྲས་སུ་བཞག་པ་རེད། རྩོམ་དེ་དག་བརྩམས་སྒྲུང་དུ་འཇོག་བྱེད་གཙོ་བོ་ནི་དེ་དག་བརྩམས་སྒྲུང་གི་གྲས་སུ་བཞག་པ་རེད། རྩོམ་དེ་དག་བརྩམས་སྒྲུང་དུ་འཇོག་བྱེད་གཙོ་བོ་དེ་དག་ལ་གཏམ་རྒྱུད་ཀྱི་བྱུང་རིམ་ཡོད་པ་མ་ཟད་འཕྲེད་དུ་སྤྲོ་བའི་ཆ་ཡོད་པ་དང་། དེ་དག་གིས་མི་སྣ་གང་རུ་ཞིག་བཞེངས་སྐྲུན་བྱེད་པའི་སྟབས་ཀྱིས་རེད།
   བོད་ཀྱི་གནའ་རྩོམ་དེ་དག་གིས་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱེད་པའམ་རྩོམ་གྱི་བསྟན་དོན་སྟོན་པའི་ཐབས་གཙོ་བོ་མི་སྣའི་ཁ་བརྡ་རེད། བོད་རྩོམ་དེ་དག་བཅད་ལྷུག་སྤེལ་མའི་ལུས་སུ་ཡོད་ལ། བཅད་པ་ནི་མི་སྣའི་ཁ་བརྡའམ་གླུ་དང་། ལྷུག་པ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་དང་ཡང་ན་ལྗོངས་ཀྱི་བཀོད་འབྲིའི་ཆ་རེད། བོད་རྩོམ་དེ་དག་ལས་བཅད་པ་ལྷུག་པ་ལས་མང་བས་རྩོམ་གྱི་གྲུབ་ཆ་ཁ་བརྡས་ཟིན་པ་རྟོགས་སླ། དེར་མ་ཟད། ཁ་བརྡ་དེ་རྩོམ་རང་གི་བསམ་བློའི་བསྟན་དོན་དང་ཐད་ཀར་འབྲེལ་བ་ཅན་ཡིན་པས། རྩོམ་གྱི་བསམ་བློ་མི་སྣས་ཁ་བརྡའི་སྒོ་ནས་མཚོན་པ་རེད། དཔེར་ན<<བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད>>དང་<<གཏམ་པདྨའི་ཚལ་གྱི་ཟློས་གར>>ལྟ་བུ་སྟེ། འདི་ལས་བོད་ལ་རྩོམ་གྱི་བསམ་བློའི་ནང་དོན་མི་སྣའི་ཁ་བརྡས་སྟོན་པའི་བརྩམས་སྒྲུང་གི་ལྟ་བ་ཞིག་གྲུབ་སྟེ་ཡོད།
       དུས་རབས་ཉི་ཤུ་བའི་སྨད་ནས་བོད་ལ་བརྩམས་སྒྲུང་གསར་བ་བྱུང་དུས། རྩོམ་གྱི་བསྟན་དོན་མི་སྣའི་ཁ་བརྡའི་སྒོ་ནས་ཐད་ཀར་དུ་བརྗོད་པ་ལ་འགྱུར་ལྡོག་བྱུང་ནས། གཙོ་བོ་གཏམ་རྒྱུད་ཀྱི་བྱུང་རིམ་གྱི་སྒོ་ནས་མི་སྣ་བཞེངས་སྐྲུན་བྱ་བ་དང་བསྟན་དོན་མཚོན་པར་བྱས་ཡོད། དཔེར་ན་དོན་གྲུབ་རྒྱལ་གྱི<<སད་ཀྱིས་བཅོམ་པའི་མེ་ཏོག>>ལྟ་བུ། འདི་བརྩམས་སྒྲུང་གི་ལྟ་བའི་འགྱུར་ལྡོག་ཅིག་ཡིན་ཡང་། འདི་བོད་ལ་སྔ་ན་མེད་པ་ཞིག་མ་རེད། འདི་ལྟ་བུའི་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་པའི་སྒོ་ནས་བརྗོད་བྱའི་སྙིང་པོ་གཏན་ལ་འབེབས་པའི་རིགས་ལམ་བོད་ལ་སྔར་ཡོད། ཡིན་ཡང་སྔ་རྩོམ་དང་ཕྱི་རྩོམ་གཉིས་ཀྱི་རྩོམ་གྱི་གནས་སྟངས་མི་འདྲ། བྱུང་རིམ་ཡོད་པར་འདྲ་ཡང་འཕྲེད་དུ་སྤྲོས་པའི་རྒྱ་ཆེ་ཆུང་མི་འདྲ་ལ། མི་སྣའི་གཤིས་ཀ་བཞེངས་སྐྲུན་བྱེད་པ་འདྲ་ཡང་མི་སྣའི་ཕུན་ཚོགས་རང་བཞིན་མི་འདྲ།
        དུས་རབས་ཉི་ཤུ་པར་བྱུང་བའི་བརྩམས་སྒྲུང་གསར་བ་འདི་འཛམ་གླིང་རྩོམ་རིག་གི་རྗེས་སྙེག་པའི་རྩོམ་ཞིག་ཡིན་པས། འཛམ་གླིང་བརྩམས་སྒྲུང་གི་འགྱུར་བག་རྒོད་པ་ཇི་བཞིན་དུ་བོད་ཀྱི་བརྩམས་སྒྲུང་གི་འགྱུར་བག་ཀྱང་རྒོད། རྩོམ་གྱི་བརྗོད་སྙིང་བྱུང་རིམ་གྱིས་སྟོན་པ་ཁོ་ན་མིན་པར། རིམ་གྱིས་རྩོམ་གྱི་བླ་སྲོག་བསམ་བློ་ཞིག་ལས་ཀྱང་གཤིས་ཀ་ཡོད་ལ་རིག་གནས་ཀྱི་འདུ་ཚད་ཆེ་བའི་མི་སྣའི་གཤིས་ཀ་ཡོད་པ་ཅན་བོད་དུ་བྱུང་། དཔེར་ན<<ར་ལོ>>ལྟ་བུ། བོད་ལ་ད་དུང་ཡང་འདི་འདྲའི་བརྩམས་ཆོས་ཉུང་ཡང་། འཛམ་གླིང་རྩོམ་རིག་གི་ངོས་ནས་བཤད་ན། ལྷག་པར་དུ་དེང་རབས་རིང་ལུགས་པའི་རྩོམ་རིག་མ་བྱུུང་གོང་གི་བརྩམས་སྒྲུང་གི་ངོས་ནས་བཤད་ན་མི་སྣའི་བཞེངས་སྐྲུན་བྱ་བ་ནི་བརྩམས་སྒྲུང་གི་དོན་དུ་གཉེར་བྱ་གཙོ་བོ་རེད། གནའ་རྩོམ་གྲགས་ཅན་ཟེར་ཚད་ཀྱིས་མི་སྣའི་གཤིས་ཀ་སྣ་ཚོགས་པ་བཞེངས་བསྐྲུན་བྱས་ནས་མིང་དུ་གྲགས་པ་རེད།
དེ་ནས་བརྩམས་སྒྲུང་ལ་འགྱུར་བ་གསར་བ་ཞིག་བྱུང་བ་ནི་མི་སྣའི་གཤིས་ཀ་བཞེངས་སྐྲུན་བཏང་སྙོམས་སུ་བསྐྱུར་ནས། མི་སེམས་དང་གཤིས་ཀྱི་ཟབ་སར་ཞུགས་ནས་མི་སེམས་ལ་འཚོལ་རྟོག་བྱེད་པའི་བརྩམས་སྒྲུང་བྱུང་། བོད་ལའང་འདི་མཚུངས་ཀྱི་དཔེ་འཇོག་རྒྱུའི་བརྩམས་ཆོས་ཡོད། དཔེར་ན་པད་མ་ཚེ་བརྟན་གྱི<<ཆོས་སྒྲོན་དང་མོའི་བུ་བློ་ལྡན>>ལྟ་བུ། འཕེལ་རྒྱས་ཀྱི་ཚད་འདི་འདྲར་སོན་དུས་སུ་ང་ཚོས་ངེས་པར་དུ་བརྩམས་སྒྲུང་གི་ལྟ་བའི་རྒྱ་ཡངས་པོར་བསྐྱེད་དགོས་པ་ཡིན། དེ་མིན་པར་སྔར་བཞིན་གོ་བསྐོན་སློབ་གསོ་དང་། སྤྱི་ཚོགས་འཚོ་བའི་སྣང་ཚུལ་དང་། དགག་རྒྱག་དང་སུན་འབྱིན་གྱི་ངོས་ནས་བརྩམས་ཆོས་བཀླགས་ཚེ། རྩོམ་གྱི་ནང་སྙིང་ལ་ནམ་ཡང་བསྙོབ་དཀའ། དེའི་དུས་སུ་རང་གི་ཀློག་འདོན་དང་མྱོང་རོལ་གྱི་ནུས་པ་ལ་རྒས་རྙིང་བྱུང་བ་རེད། དེ་བས་ཟྭ་དུ་མ་ལ་ལྡེ་མིག་དུ་མ་དགོས་པ་ཇི་བཞིན། བརྩམས་སྒྲུང་སྣ་ཚོགས་ལ་འབྲེལ་འདྲིས་བྱས་ནས་འཕེལ་རྒྱས་དང་མི་འདྲ་སྣ་མང་མི་འདྲ་སྣ་མང་གི་བརྩམས་སྒྲུང་གི་སྒོ་ནས་བརྩམས་སྒྲུང་སོ་སོར་མྱོང་རོལ་བྱ་ཐུབ་པ་གལ་ཆེ། །
བོད་ཀྱི་ཉིང་བཏུས་རྩོམ་རིག་དུས་དེབ་<<རང་གྲོལ།>>ལས་བཏུས།  ཁ་བྱང་འདི་ག་རྩོམ་སྒྲིག་པས་བཏགས།
རྒྱབ་སྐྱོར།།
( )
%
མོས་མཐུན་མེད།
( )
%
 
 
  ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པས་ཐེ
  ཞི་ཅིན་ཕིང་གིས་ཞིང་སྡེའི་མི་སྡོད་ཁོར
 སི་ཁྲོན་ནུབ་རྒྱུད་བོད་ཁུལ་ཀྱི་སྐྱེ་ཁམས
  དཀར་མཛེས་ཁུལ་གྱི་ནང་བསྟན་མཐུན་ཚོགས་དབ
 སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན
 སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར
 སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར
 པི་ཝང་གི་རྒྱང་སྒྲོག་ལུས་སྦྱོང་ལ་བརྟེན་
 སྐབས་གསུམ་པའི་ཀླུ་ནང་ལ་བསྐོར་བའི་ལྕགས་
 ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་གྲོས་ཞུགས་ཁ
 ཞི་ཅིན་ཕེན་གྱིས་འབར་མའི་རྒྱལ་སྲུང་དམག་
 ལིས་ཁི་ཆང་གིས་ཝུན་ལའེ་དང་ཐེ་གོ ཡའོ་ནན་
 རྒྱལ་ཡོངས་ཀྱི་ལས་བྱེད་སློབ་གསོའི་གསོ་ས
 གློག་བརྙན༼བདེ་སྐྱིད་མེ་ཏོག༽ལ་འཇར་མན་ཁི
 བདེ་ཆེན་ཁུལ་གྱིས་སྐབས་བདུན་པའི་ལས་བྱེད
  ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པས་ཐེ
  ཞི་ཅིན་ཕིང་གིས་ཞིང་སྡེའི་མི་སྡོད་ཁོར
 སི་ཁྲོན་ནུབ་རྒྱུད་བོད་ཁུལ་ཀྱི་སྐྱེ་ཁམས
  དཀར་མཛེས་ཁུལ་གྱི་ནང་བསྟན་མཐུན་ཚོགས་དབ
 སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན
 སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར
 སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར
 པི་ཝང་གི་རྒྱང་སྒྲོག་ལུས་སྦྱོང་ལ་བརྟེན་
 སྐབས་གསུམ་པའི་ཀླུ་ནང་ལ་བསྐོར་བའི་ལྕགས་
 ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་གྲོས་ཞུགས་ཁ
 ཞི་ཅིན་ཕེན་གྱིས་འབར་མའི་རྒྱལ་སྲུང་དམག་
 ལིས་ཁི་ཆང་གིས་ཝུན་ལའེ་དང་ཐེ་གོ ཡའོ་ནན་
 རྒྱལ་ཡོངས་ཀྱི་ལས་བྱེད་སློབ་གསོའི་གསོ་ས
 གློག་བརྙན༼བདེ་སྐྱིད་མེ་ཏོག༽ལ་འཇར་མན་ཁི
 བདེ་ཆེན་ཁུལ་གྱིས་སྐབས་བདུན་པའི་ལས་བྱེད
Copyright @ 2010 kbcmw.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ནི་ཁམས་པའི་གསར་འགྱུར་དྲ་ཚིགས་ལ་དབང་བས་གང་མོས་ཀྱིས་བཀོལ་སྤྱོད་མི་བྱེད་པར་མཁྱེན།
འབྲེལ་གཏུག་བྱ་ཡུལ།དཀར་མཛེས་ཁུལ་དར་མདོ་རྫོང་འོད་གསལ་ལམ་ཁམས་པའི་བོད་ཡིག་ཚགས་པར་ཁང་།
གློག་འཕྲིན་ཡིག་སྒམ། :kbacmw@163.com ཁ་པར།:86836-2835733 蜀ICP备08005120号